སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག་བྱེད་བཞིན་ཡོད།...
དཔྱད་གཏམ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་ཐོ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེམས་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག་བྱེད་བཞིན་ཡོད།...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག་བྱེད་བཞིན་ཡོད།...


 
དུས་འགྱུར་རྩོམ་ཡོན་དང་བདག་གི་རྨི་ལམ།
[ 2008-12-2 23:38:00 | By: aricgyurmey ]
 
ཕྱི་ཟླ་ ༩ ཚེས་ ༡༢ གྱི་མཚན་མོར་ངས་མལ་ས་ནས་དུས་འགྱུར་དུས་དེབ་སྤྱིའི་འདོན་ཐེངས་གཉིས་པ་དེ་བཀླགས་ཤིང༌། རྒྱབ་ཤོག་ནང་ལོགས་ཀྱི་རྩོམ་སྐུལ་ཞིག་ཏུ་རྩོམ་ཡིག་འབྲི་མཁན་ཚོར་རྩོམ་ཡོན་ཞིག་འབུལ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱུ་མཚན་དེར་བརྟེན་ངས་ཀྱང་རྩོམ་ཡིག་ཅིག་འབྲི་རྒྱུར་སེམས་ཐག་བཅད།

དངོས་གནས་རེད། ང་ལ་རྩོམ་ཡོན་ཞིག་དགོས་ཀྱི་འདུག མ་ཟད་ངས་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་དེ་དུས་འགྱུར་དུས་དེབ་ཐོག་བཀོད་དེ་ངས་དུས་འགྱུར་རྩོམ་སྒྲིག་ཁང་གིས་བསྐུར་ཡོང་བའི་རྩོམ་ཡོན་དེས་ཟས་ཞིམ་པོ་ཞིག་དང༌། ཆུ་གྲང་མོ་ཞིག་འཐུང་སྤྱད་བྱེད་ན་འདོད། གལ་སྲིད་བྱུང་ན་གྲོགས་པོ་འགའ་སྐད་བཏང་ནས་སྟབས་བདེའི་དགོང་ཟས་ཤིག་ཀྱང་མཉམ་དུ་འཐུང་ན་འདོད། འདི་ལྟར་ང་རྩོམ་ཡོན་ལེན་སའི་དུས་དེབ་དང་རྩོམ་ཡོན་ལེན་སའི་ཚགས་ཤོག་རྩོམ་སྒྲིག་ཁང་མང་བོ་ཞིག་གི་སྒོ་འགྲམ་ཉུལ་ནས་རང་ཉིད་ཀྱི་རྩོམ་ཡིག་བཙོང་དུ་འགྲོ་ན་འདོད། ནམ་ཞིག་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་གྱིས་བོད་ཀྱི་སྐད་ཡིག་སྟེང་ཡོད་པའི་ཚགས་ཤོག་དང་དུས་དེབ་འདྲ་མིན་བཀླག་ཐུབ་པར་འགྱུར་ཞིང༌། དུས་དེབ་རྩོམ་སྒྲིག་ཁང་དང་ཚགས་ཤོག་རྩོམ་སྒྲིག་ཁང་ཚང་མས་རང་ཁ་སོས་ཤིང༌། གཞན་གྱིས་བསྐུར་ཡོང་བའི་རྩོམ་ཡིག་ལ་རྩོམ་ཡོན་ཚད་ངེས་ཅན་རེ་སྤྲོད་ཐུབ་པར་འགྱུར་བ་དང༌། རྩོམ་པ་པོ་མང་བོ་ཞིག་རྩོམ་ཡོན་ལ་བསྟེན་ཏེ་རང་ཁ་གསོ་ཐུབ་པ་དང༌། རྩོམ་ཡོན་ལ་བསྟེན་ཏེ་ཆེད་ལས་རྩོམ་པ་པོ་ཞིག་བྱ་ཐུབ་ཚེ། སྐབས་དེ་དུས་ངས་དམིགས་འདུན་འགྲུབ་སོང་བ་ཡིན། སྐབས་དེ་དུས་ང་ཡང་དངོས་གནས་ཉིན་མཚན་འགར་རྩོམ་ཡིག་གཅིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཞིབ་ཚགས་དང་རྒྱས་འབྲི། སྒྱུ་རྩལ་གྱི་ཕྱོགས་སུ་འབད་ངེས་ལ། མདུན་སྐྱོད་ཀྱི་གོམ་པ་ཧ་ཅང་ཧ་ཅང་གི་བརྟན་པོ་ཞིག་སྤོ་རྒྱུར་ཐེ་མི་ཚོམ།

ང་རང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཡོད་སྐབས་ངས་ཁ་བ་དུས་དེབ་ཅིག་ཏུ་རྩོམ་ཡིག་སྙན་ངག་དམར་བོའི་ཚོ་ཁག་ཅེས་པ་ཞིག་བསྐུར་ཞིང༌། ཟླ་འགའི་རྗེས་སུ་ཁ་བ་དུས་དེབ་ཅིག་དང་རྩོམ་ཡོན་དུ་ཧིན་སྒོར་ ༡༤༠ ཞིག་སྦྲགས་ཁང་བརྒྱུད་ལག་སོན་བྱུང༌། དེ་ནི་ངས་ཐོག་དང་བོར་བླངས་པའི་རྩོམ་ཡོན་ཡིན་ལ། ཐོག་དང་པོར་ངས་བཙོང་བའི་རྩོམ་ཡིག་ཅིག་རྩོམ་སྒྲིག་ཁང་ཞིག་གིས་ཉོས་པ་དེ་ཡིན། སྐབས་དེ་དུས་སློབ་ཕྲུག་རེར་སློབ་གྲྭ་གཞུང་གིས་ཟླ་རེར་ཧིན་སྒོར་ ༣༥ ཙམ་ལས་གནང་ཐུབ་ཀྱི་མེད་ལ། དེ་ཡང་གངས་ཟླ་དང་ཟམ་པ། སྐྱ་རེངས་ལྟ་བུའི་སློབ་གྲྭའི་དུས་དེབ་དང་ཚགས་ཤོག་འགའི་རིན་འབབ་ཏུ་ཤོར་འགྲོ་དུས་ཀྱང་ཧ་ཅང་མང༌། རྒྱུ་མཚན་དེའི་དབང་གིས་ཁ་བ་རྩོམ་སྒྲིག་ཁང་གིས་བདག་ལ་བསྐུར་ཡོང་བའི་ཧིན་སྒོར་ ༡༤༠ དེ་ངའི་ཚོད་ཀྱི་ཨ་སྒོར་ ༡༤༠ ཡིན་ལ། སྐབས་དེར་ངས་ཐོག་དང་བོར་རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་ཟ་ཁང་དུ་ཁྲིད་ནས་ཟ་མ་ཞིག་བཟས་པའང་ཡིན།

རྩོམ་ཡིག་འབྲི་བ་ནི་མི་གཞན་ལ་བག་ཆགས་བགོ་བའི་ཆེད་དུ་ཡིན་པ་ལས་རྩོམ་ཡོན་ལེན་པའི་ཕྱིར་དུ་མིན་པ་ནི་ངས་ཤེས་ཀྱི་ཡོད་ལ། རྩོམ་ཡིག་འབྲི་བ་ནི་འགྲོ་བ་མི་རིགས་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་རི་དྭགས། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད་ཡིན་པ་ལས་རྩོམ་པ་པོ་སྒེར་བ་ཞིག་གི་ཁ་རྒྱབ་ཁེབ་མིན་མིན་པའང་ངས་ཤེས་ཀྱི་ཡོད། ཡིན་ནའང༌། ཆེད་ལས་རྩོམ་པ་པོ་ཞིག་བྱ་རྒྱུར་ཆེད་སྦྱོང་ར་བ་དང༌། ཆེད་དམིགས་དུས་ཚོད་ཅིག་དགོས་པ་རེད་ལ། ྋགོང་ས་མཆོག་གིས་བྱམས་བརྩེ་ཐུགས་རྗེའི་ཕྱག་ཟུང་ཡངས་པོར་བསྐྱངས་པའི་བཀའ་དྲིན་གྱིས། དེང་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་གསོ་སྐྱོང་གནང་བཞིན་པའི་བོད་ཀྱི་སྐད་ཡིག་རིག་གཅིག་རྐང་འཛིན་པ་དག་ཀྱང༌། གཞན་ཞིག་གིས་གསོ་མི་དགོས་པར་རང་ཉིད་ཀྱི་རྩོམ་ཡོན་གྱིས་རང་ཉིད་གསོ་ཐུབ་ཅིང༌། རྩོམ་ཡོན་གྱིས་རང་གི་མདུན་ལམ་ཁག་ཐེག་དང༌། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་དུ་བླ་མེད་ཀྱི་ནུས་པ་འདོན་ཐུབ་པར་འགྱུར་ན། དེ་དུས་ང་ཚོ་བོད་མི་རིགས་ཀྱང་རྒྱ་དཀར་ནག་གཉིས་ཀྱིས་མཚོན་པའི་ཕྱི་གླིང་བའི་རྒྱལ་ཁབ་གཞན་དག་ལྟར་ཆེད་ལས་རྩོམ་པ་པོ་ཚད་ལྡན་དུ་མ་ཞིག་འབྱུང་སའི་ཁོར་ཡུག་ཡོད་པར་འགྱུར་བ་ཡིན་ལ། དེ་ནི་ངས་ཉིན་མཚན་མེད་པར་རྨི་བཞིན་པའི་རྨི་ལམ་ཞིག་ཀྱང་ཡིན།

ང་ཚོ་གནས་སའི་བཙན་བྱོལ་སྤྱི་ཚོགས་འདི་ཧ་ཅང་རྒྱ་ཆུང་ནའང༌། དེའི་ཚོད་ཀྱི་རྩོམ་པ་པོ་མང་བོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་གཅིག་མཇུག་གཉིས་མཐུད་ཀྱིས་སྤྱི་ཚོགས་ཁྲོད་མངོན་ཡོང་གི་འདུག སྒེར་དེབ་རེ་འགྲེམས་སྤེལ་ཟིན་པའི་རྩོམ་པ་པོ་ཡང་གྲངས་ངེས་ཅན་ཞིག་ཏུ་སླེབས་འདུག ཡིན་ནའང༌། ཁོང་ཚོས་བཏོན་པའི་སྒེར་དེབ་དེ་དག་གྱོང་ལས་ཁེ་བཟང་རེག་གི་མེད་ལ། དེ་ཡང་སྦྱིན་བདག་ག་གེ་མོ་རེའི་བཀའ་དྲིན་སྐུ་དྲིན་ཁོ་ནས་འདོན་སྤེལ་བྱེད་ཐུབ་ཙམ་བྱུང་བ་ཤ་སྟག་ཡིན། གལ་སྲིད་ང་ཚོར་ཀློག་པ་པོའི་ཁོར་ཡུག་ཡག་ཐག་ཆོད་ཅིག་ཡོད་ཅིང༌། ཚགས་ཤོག་དང་དུས་དེབ། སྒེར་དེབ་སོགས་ཚོང་བསྒྱུར་བྱེད་སའི་ཚོང་ར་ཚད་ལྡན་རེ་ཡོད་ཚེ། སྒེར་དེབ་དེ་དག་གིས་ཀྱང་རྩོམ་པ་པོ་སྒེར་བ་རེ་སྐྱེད་སྲིང་བྱས་ཡོད་ལ། དུས་དེབ་དང་ཚགས་ཤོག་གསར་བ་མང་བོ་ཞིག་ཀྱང་ཁ་སང་ཡོད་ན་དེ་རིང་སྐུ་ཚེ་འཕེན་པ་རྫོགས་འགྲོ་བའི་གྲང་སིལ་སིལ་གྱི་ནམ་ཟླ་འདི་འདྲ་ཞིག་ཡོད་མི་སྲིད།

ཡང་བསམ་གཞིགས་ཤིག་བྱ་སྐབས། ང་ཚོའི་རྩོམ་པ་པོ་ཚོས་རང་ཉིད་ཀྱི་རྩོམ་ཡིག་དང་རྩོམ་དེབ་ལ་རང་ཉིད་ཀྱིས་ཆེ་མཐོང་སྤྲོད་ཀྱི་མི་འདུག་ལ། མིང་གྲགས་དང་འུར་འགྲོགས་ཙམ་གྱིས་རྩོམ་དེབ་རེ་བཏོན་རྗེས། རང་ཉིད་ཀྱི་རྩོམ་དེབ་རང་ཉིད་ཀྱིས་བཀླག་རྒྱུར་ངོ་ཚ་ཞིང༌། དེ་ནས་བཟུང་སེམས་ཤུགས་ཉམ་ཞིང༌། མདུན་སྐྱོད་ཀྱི་གོམ་པ་འཁུམ་འགྲོ་མཁན་ཡང་མང་དག་ཅིག་ཡོད་སྐད། མ་ཟད་སྒེར་དེབ་གཉིས་གསུམ་རེ་བཏོན་ཚར་བའི་རྩོམ་པ་པོ་མང་དག་ཅིག་ལ་བོད་ཡིག་གི་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཡང་མེད་སྐད། དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་ངོས་ནས་ངོ་ཚ་ཆེན་པོ་ཞིག་དང༌། བོད་མི་རིགས་ཀྱི་ངོས་ནས་ཕམ་ཉེས་ཆེན་པོ་ཞིག་ཀྱང་རེད། བོད་མི་རིགས་ལ་འདི་ལྟ་བུའི་རྩོམ་པ་པོ་ཚད་ངེས་ཅན་ཞིག་ཏུ་སླེབས་ཚེ་དེབ་འདོན་རྒྱུར་རྔམ་པ་ལས་བོད་ཡིག་གི་རྨང་གཞི་འཇོག་རྒྱུར་མི་དགའ་ཞིང༌། མིང་གྲགས་ཙམ་ལ་དུང་བ་ལས་ཤེས་རིག་གི་ཕ་མཐའ་བགྲོད་རྒྱུར་སྐྲག་པའི་རྩོམ་པ་པོ་སྡར་མའི་དཔུང་ཚོགས་ཤིག་འཚར་ལོངས་འབྱུང་གི་རེད་ལ། དེས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁ་གཡང་སྒྲོག་བཞིན་བོད་ཀྱི་སྐད་ཡིག་ཉམ་ཉེས་སུ་གཏོང་བའི་ཁ་བཤད་ལག་ལེན་གཉིས་འགལ་ཟླར་གྱུར་བའི་རྩོམ་པ་པོ་མང་བོ་ཞིག་གསོ་སྐྱོང་གནང་གི་རེད། འདི་ངའི་རྨི་ལམ་གྱི་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཡིན་སྟབས། ངས་རྨི་ལམ་འདིའི་རིགས་དུས་གཏན་དུ་ངའི་རྨི་ལམ་ལས་ཡལ་ཞིང༌། བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ངོས་དང༌། ད་ལྟའི་གནས་བབ་འོག་ནས་ཡལ་ཏེ། སླར་ཡང་ཕྱིར་མི་མངོན་པར་གྱུར་ན་བསམ་གྱི་ཡོད།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
Powered by Oblog.